Saturday, January 1, 2011

Prof. Dr. Dawa Norbu


སྐུ་གཤེགས་སློབ་དཔོན་མཁས་དབང་ཟླ་བ་ནོར་བུ་མཆོག་གི་ལོ་རྒྱུས་མདོར་བསྡུས།

སློན་དཔོན་མཁས་དབང་ཟླ་བ་ནོར་བུ་མཆོག་སྤྱི་ལོ་ ༡༩༤༨ ལོར་ཡབ་ཐབས་མཁས་ཆོས་འཕེལ་དང་ཡུམ་ཨ་སྐྱིད་གཉིས་ཀྱི་སྲས་སུ་གཙང་ས་སྐྱར་འཁྲུངས། ཆུང་དུས་ནས་ཡབ་ཀྱི་ལས་དོན་བྱ་བཞག་ལ་བློ་གཟུ་བོར་གནས་པའི་ཐོག་ནས་གཟིགས་ཞིབ་གནང་ནའང་། དགུང་ན་ཕྲ་བའི་ཟླ་བ་ནོར་བུ་རང་ལོ་བཞིའི་སྐབས་སུ་ཡབ་ཀྱི་སྐུ་ཚེའི་འཕེན་པ་རྫོགས། དེ་ནས་ཡུམ་གྱི་ལམ་སྟོན་འོག་ ༡༩༥༤ ལོར་ས་སྐྱར་དགོན་པའི་ལས་བྱེད་པ་ཀུན་དགའ་སྟོབས་ལགས་ཀྱི་དྲུང་ནས་བོད་ཀྱི་སྐད་ཡིག་ཐོག་མར་སློབ་སྦྱོང་མཛད། དེ་ནས་སྤྱི་ལོ་ ༡༩༥༥ ནས་ ༡༩༥༩ བར་དུ་ས་སྐྱའི་སྔོན་འགྲོའི་སློབ་གྲྭར་བཞུགས། སྤྱི་ལོ་ ༡༩༥༠ ནང་བོད་དེ་རྒྱ་དམར་པོའི་འོག་ཏུ་རིམ་བཞིན་ཤོར་ནས་བོད་ནང་དུས་འགྱུར་ཆེན་པོ་བྱུང་བ་བཞིན། བོད་མིའི་བཙན་བྱོལ་བ་སྤྱི་མཚུངས་རང་ཡུལ་བཞག་ནས་མི་ཡུལ་ལ་བྲོས་དགོས་བྱུང་བའི་མགོ་ཚུགས་པ་ནས་བཟུང་། ད་གཟོད་ ༡༩༥༩ ལོ་མཇུག་ཏུ་ལོ་ན་ཆུང་བའི་ཟླ་བ་ནོར་བུ་མཆོག་དང་ཁོང་གི་ཡུམ་གཉིས་ཡང་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་དགོས་བྱུང་། བཙན་བྱོལ་ནང་ཕེབས་རྗེས་སུ་ཕ་མའི་བཀའ་དྲིན་དང་བཙན་བྱོལ་བོད་གཞུང་གི་མཐུན་རྐྱེན་འོག་ཟླ་བ་ནོར་བུ་མཆོག་ཐོག་མར་རྡོ་རྗེ་གླིང་དུ་ ༡༩༦༢ ལོར་བོད་གཞུང་གཏན་སློབ་ནང་སློབ་སྦྱོང་གནང་རྒྱུའི་གོ་སྐབས་བྱུང་བ་དང་། རྗེས་སུ་ ༡༩༦༣ བཀའ་བློན་སྦུག་ཏུ་ཡེ་ཤུའི་གཏན་སློབ་ཞིག་ནང་མུ་མཐུད་སློབ་སྦྱོང་གནང་བ་དང་གྲུབ་འབྲས་ལེགས་སོན་ངང་སློབ་ཐོན་བྱུང་། དེ་ནས་སྤྱི་ལོ་ ༡༩༦༩-༧༣ ནང་རྒྱ་གར་གྱི་རྒྱལ་ས་དིལླི་རུ་ཡོད་པའི་དིལླི་སློབ་གྲྭ་ཆེན་མོའི་སེནྚ་སིཊིཕེན་མཐོ་སློབ་ (St. Stephens College, University of Delhi) ནས་ཐུན་མོང་གཙུག་ལག་སློབ་ཐོན་གྱི་ཕྱག་འཁྱེར་ (Bachelor of Arts) དང་ཞིབ་འཇུག་སློབ་ཐོན་གྱི་ཕྱག་འཁྱེར་ (Master of Arts) སོགས་བཞེས་ཡོད། དམ་པ་དེ་ཉིད་དིལླི་རུ་བཞུགས་རིང་བོད་མིའི་བསྐྱར་ཞིབ་ (Tibetan Review) ཅེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་པའི་ལས་འགན་དང་། སྤྱི་ལོ་ ༡༩༧༤ ལོར་ཁོང་གི་ལྗགས་རྩོམ་གྲགས་ཅན་༼སྐར་དམར་འོག་གི་བོད།༽ (Red Star over Tibet) ཅེས་པའི་མི་ཚེའི་ལོ་རྒྱུས་དང་། རང་ཉིད་ཀྱི་ཉམས་མྱོང་། དེ་བཞིན་དེ་སྔ་བོད་རང་དབང་ལྡན་པའི་རྒྱལ་ཁབ་དང་། རྗེས་སུ་རྒྱ་ནག་གིས་བཙན་གནོན་འོག་གི་བོད་ཀྱི་གནས་སྟངས་གཉིས་བསྡུར་བ། མཐའ་མ་གང་ཉིད་བཙན་བྱོལ་དུ་འབྱོར་བ་ནས་རང་ཉིད་ཀྱི་མྱོང་བ་དང་སྦྲེལ་ནས་བྲིས་ཡོད། དེབ་འདི་སླར་ཡང་༡༩༩༧ལོར་བསྐྱར་སྐྲུན་བྱས་ཤིང་། ད་ཐེངས་བསྐྱར་སྐྲུན་བྱས་པའི་བརྗོད་བྱ་རྣམས་ནི་དེ་སྔོན་གྱི་བརྗོད་བྱ་རྣམས་གཞི་བཞག་ཐོག་ ༡༩༩༦ ལོ་བར་འཁོད་པའི་བོད་ཀྱི་ཆབ་སྲིད་ཐོག་ཚད་མཐོ་བའི་ངང་ནས་ཆེད་རྩོམ་བྲིས་པ་དང་། ལེགས་བཅོས་བྱས་ནས་དེབ་མིང་ལ་༼བོད་ཀྱི་མདུན་ལམ།༽ (Tibet: the Road Ahead) ཞེས་བཏགས་ཏེ་པར་སྐྲུན་བྱས་པ་རེད། དེ་ནས་ ༡༩༧༦ ལོར་ཨ་རི་ཀེལིཕོརནིཡའི་སློབ་གྲྭ་ཆེན་མོར་ (University of California, Berkeley) རིགས་གཅིག་རྐང་འཛིན་པའི་ཕྱག་ཁྱེར་སོན་ནས་ ༡༩༨༢ ལོར་མཁས་པའི་དབང་པོ་སྟེ་མཁས་དབང་ཟླ་བ་ནོར་བུ་ཞེས་གྲགས་པ་བྱུང་། དེ་ཡང་ཨ་རིར་བཞུགས་རིང་སན་ཕརན་སིསཀོ་མངའ་སྡེའི་སློབ་གྲྭ་ཆེན་མོ་ (State University of San Francisco) རུ་བོད་རིག་པའི་ཐོག་སློབ་དགེའང་གནང་། དེ་ནས་རྒྱ་གར་དུ་ལོག་རྗེས་རྒྱ་གར་རྒྱལ་ས་དིལླིར་བརྟེན་གཞི་བྱས་པའི་ཇཝཧར་ལལ་ནེརུ་སློབ་གྲྭ་ཆེན་མོར་ (Jawaharlal Nehru University, New Delhi) དབུས་ཨེཤིཡའི་རིག་པའི་སྡེ་ཚན་ནང་སློབ་དཔོན་ཆེན་མོའི་ཕྱག་ལས་གནང་མགོ་ཚུགས། དབུས་ཨེཤིཡའི་རིག་པའི་སྡེ་ཚན་ནང་ཕྱག་ལས་གནང་སྐབས་མཁས་དབང་མཆོག་ནས་བོད་དང་རྒྱ་ནག་ཀྱི་ལོ་རྒྱུས་ཐད་དེང་རབས་སྤྱི་ཚོགས་ཞིབ་འཇུག་གི་འགྲོ་ལུགས་སྟར་སློབ་ཁྲིད་དང་ཆེད་རྩོམ་གནང་ཡོད་པ་མ་ཟད། བོད་རིག་པ་བ་རྣམས་ལ་བོད་ཀྱི་སྐད་ཡིག་གི་སློབ་སྦྱོང་ཡང་སློབ་ཁྲིད་གནང་ཡོད། དེ་ན་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་ཐད་སློབ་སྦྱོང་བྱ་མཁན་ཡིན་ཚེ། སློབ་གཉེར་བ་དེའི་ངོས་ནས་སློབ་སྦྱོང་བྱ་ཡུལ་གྱི་མི་རིགས་དེའི་སྐད་ཡིག་དེ་ལ་ངེས་པར་དུ་སྦྱངས་པ་བྱ་དགོས་ཀྱི་ཡོད། དེ་ལྟར་བྱུང་ཚེ་ད་གཟོད་ཚད་གཞི་མཐོ་བའི་རིགས་པ་སྨྲ་བ་ཞིག་ལ་ངོས་འཛིན་སྲོལ་ཡོད་པ་བཞིན། དམ་པ་དེ་ཉིད་ཀྱི་སློབ་གཉེར་བ་ཁག་གིས་ཀྱང་བོད་སྐད་ཡིག་ལའང་སྦྱངས་པ་བྱས་བཞིན་གྲུབ་འབྲས་ཐོན་ཡོད། ལོ་ངོ་ཉི་ཤུ་རྩ་ལྔ་ལྷག་དིལླིའི་སློབ་གྲྭ་ཆེན་མོ་དེར་སློབ་དགེ་གནང་སྐབས། དམ་པ་ཉིད་ནས་རྒྱལ་སྤྱིའི་དུས་དེབ་གྲགས་ཅན་ཁག་མང་པོའི་ནང་བོད་དོན་དང་བོད་རྒྱའི་འབྲེལ་ལམ་སྐོར་ཆེད་རྩོམ་བརྒྱ་ལྷག་བྲིས་ཡོད་པ་མ་ཟད། སློབ་ཆེན་ཁག་མང་པོའི་ནང་བོད་དོན་དང་བོད་རྒྱའི་འབྲེལ་ལམ་ཐོག་གཏམ་བཤད་གནང་ཡོད། ཁོང་གི་ཕུལ་བྱུང་ཆེད་རྩོམ་མང་པོའི་ནང་ནས་སྤྱི་ལོ་ ༢༠༠༡ དབྱིན་ཡུལ་ནས་པར་སྐྲུན་བྱས་པའི་༼རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་ཇུས་༽ (China’s Tibet Policy) ཞེས་པའི་དེབ་འདི་ཀློག་པ་པོ་རྣམས་ཀྱིས་རྩེ་ཕུད་དུ་ངོས་འཛིན་བྱས་པ་མ་ཟད། རྒྱལ་སྤྱིའི་སྟེང་བོད་རིག་པ་བ་དང་རྒྱ་ནག་རིག་པ་བ་རྣམས་ཀྱིས་ངེས་པར་དུ་ཀློག་དགོས་པའི་རྩོམ་དེབ་ཅིག་ཏུ་ངོས་འཛིན་བྱེད་བཞིན་ཡོད། དེ་ཡང་ཁོང་གིས་དེབ་དེའི་གླེང་བརྗོད་དུ་ ༼༡༩༧༠ ཙམ་ནས་བོད་ཀྱི་ཆབ་སྲིད་དང་འབྲེལ་བའི་ལོ་རྒྱུས་ཐོག་ཆེད་རྩོམ་ཞིག་འབྲི་རྒྱུར་དོ་སྣང་བྱེད་བཞིན་པར་བརྟེན། ༡༩༩༡ ལོ་ནས་དངོས་སུ་ལག་བསྟར་གྱིས་འབྲི་མགོ་བཙུགས་པ་ཡིན། འོན་ཀྱང་སྐབས་རེ་རྡ་རམ་ས་ལའི་”བོད་ཀྱི་དཔེ་མཛོད་ཁང་”གི་ཡིག་རྙིང་རྣམས་ལ་ཉམས་ཞིབ་བྱེད་རྒྱུ་མ་རག་པའི་དཀའ་ངལ་སོགས་བྱུང་།༽ ཚུལ་ཡང་བཀོད་ཡོད་འདུག བློ་ཕམ་པ་དགོས་པ་ཞིག་ལ་དགུང་ལོ་ ༥༨ ལས་མ་ཟིན་པའི་རྒྱལ་སྤྱི་འི་སྟེང་མཁས་པའི་མཚན་སྙན་ཡོད་པ་སློབ་དཔོན་མཁས་དབང་ཟླ་བ་ནོར་བུ་མཆོག་སྤྱི་ལོ་ ༢༠༠༦ ཟླ་བ་ ༥ ཚེས་ ༢༨ ཉིན་ཡུན་རིང་དུ་ལུས་སེམས་མི་བདེ་བས་རྐྱེན་གྱིས་རང་གི་སྐུ་ཟླ་དང་ཕྲུག་གུ་གཉིས་ཤུལ་དུ་བཞག་ནས་དགོངས་པ་རྫོགས་པ་རེད། རྒྱལ་སྤྱིའི་སྟེང་དབུས་ཨེཤིཡ་རིག་པའི་མཁས་དབང་ཙམ་མ་ཟད། ལྷག་པར་དུ་བོད་ཀྱི་ཆབ་སྲིད་ཐད་བོད་རིག་པའི་མཁས་དབང་ཞིག་ཀྱང་བརླགས་པར་བརྟེན། དོན་དམ་པའི་བློ་ཕམ་གྱི་གནས་སུ་གྱུར་ཅིང་། དམ་པ་གང་ཉིད་ཀྱི་ཆེད་རྩོམ་མང་པོའི་ནང་བཙན་བྱོལ་བོད་གཞུང་དང་། བོད་རིག་པ་བ་ཁག་གི་བསམ་ཚུལ་ལ་བློ་གཟུ་བོར་གནས་པ་ལ་བརྟེན། ཁོང་དང་བསམ་ཚུལ་མ་མཐུན་པ་ཡང་བྱུང་ཡོད། དེ་ལྟ་ནའང་ དེང་གི་ཆར་ཁོང་གི་ཆེད་རྩོམ་ཁག་ཀློག་ནས་སློབ་གཉེར་བྱེད་པོ་རྣམས་ཀྱིས་ཡི་རང་བསྔགས་བརྗོད་བྱེད་བཞིན་པ་དང་། དམ་པ་དེ་ཉིད་ད་ལྟའི་ཆར་མེད་པ་དེར་ཤིན་ཏུ་འགྱོད་པ་བྱེད་བཞིན་ཡོད་པ་རེད།

Lobsang Tenpa

No comments:

Post a Comment